Wednesday, July 17, 2019

བློ་སྦྱོང་དོན་བདུན་མ་ཉུང་ངུའི་ཚིག་གིས་བཤད་པ།

བློ་སྦྱོང་དོན་བདུན་མ་ཉུང་ངུའི་ཚིག་གིས་བཤད་པ་ཐེག་ཆེན་མིག་འབྱེད་ཅེས་བྱ་བ་བཞུགས་སོ།།

     བྱང་ཆུབ་སེམས་ཀྱི་ལྗོན་ཤིང་བརྟན་པ་ལས།།
      རླབས་ཆེན་བྱ་དཀའི་ཕྱིན་དྲུག་ཡལ་འདབ་རྒྱས།།
      སྐུ་བཞིའི་ལོ་འབྲས་སྐྱེ་དགུའི་གསོས་སུ་སྨིན།།
      རྣམ་འདྲེན་སྟོབས་བཅུ་མངའ་བས་དགེ་ལེགས་སྩོལ།།

       དེ་ཡང་སྐྱེ་འགྲོ་ཀུན་ལ་ཆོས་ཉིད་ཀྱི་དབང་གིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་རང་ཆས་སུ་ཡོད་ལ།  འོན་ཀྱང་ད་ལྟའི་བར་འཁོར་བའི་བརྩོན་དོང་འདི་ནས་མ་ཐར་ཞིང་།  གྲ་མ་འགྲིགས་པ་ལུ་གུ་བརྒྱུད་དུ་འོང་བ་འདི་ལ་རྒྱུ་མེད་པ་གཏན་ནས་མིན།  དེ་ཡང་མདོར་བསྡུས་ན་བདེ་སྡུག་གི་རྒྱུ་ལ་བླང་དོར་མི་ཤེས་པའི་དབང་གིས་བྱུང་བ་ལས་བསྙོན་དུ་མེད།  དེ་ལྟར་སྡུག་བསྔལ་གྱི་མཐར་གཏུགས་ན་བདག་ཏུ་འཛིན་པའི་མ་རིག་པ་དང་རང་གཅེས་འཛིན་གཉིས་སུ་ངེས་ལ།  བདེ་བའི་རྒྱུ་མཐར་གཏུགས་ན་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡིན་ནོ།།    དེས་ན་འདིར་ཐེག་ཆེན་བློ་སྦྱོང་གི་གནད་དོན་ནམ་དོན་ཚན་བདུན་གྱི་སྐོར་ཙུང་ཟད་ཅིག་བཤད་པའི་དབང་དུ་བྱས་ན།


               དོན་ཚན་དང་པོ།     སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ།

       དེ་ཡང་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་གཞིར་གྱུར་པ་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་གཞིར་བྱས་ནས།  སྔོན་འགྲོ་རྟེན་གྱི་ཆོས་བཞི་གསུངས་པ་ནི།

                    ༡༽ དལ་འབྱོར་དོན་ཆེ་རྙེད་དཀའ།
                    ༢༽ འཆི་བ་མི་རྟག་པ།
                    ༣༽ ལས་རྒྱུ་འབྲས།
                    ༤༽ འཁོར་བའི་ཉེས་དམིགས་རྣམས་སོ།།

       དང་པོ་དལ་འབྱོར་དོན་ཆེ་རྙེད་དཀའ།   ད་ལྟ་རང་ཅག་གིས་ཐོབ་པའི་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་འདི།  རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བྱས་པ་དང་གཅིག  །སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་དང་གཉིས།  སྦྱིན་སོགས་སྤྱོད་པས་གྲོགས་བྱེད་པ་དང་གསུམ་ཚང་དགོས་ན།  དེ་ལྟ་བུ་ཤིན་ཏུ་དཀའ་བ་ད་ལྟར་གྱི་རང་གི་སྤྱོད་པ་ལ་བརྟག་ན་ཤིན་ཏུ་གསལ་བས་རྙེདདཀའ་ཞིང་།  འདིའི་སྟེང་ནས་ཕྱི་མ་མངོན་མཐོའི་གོ་འཕང་ཐོབ་པ་ནས།  སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་བར།  འདི་ཕྱིའི་ལེགས་ཚོགས་ཐམས་ཅད་སྒྲུབ་ནུས་པས་དོན་ཤིན་ཏུ་ཆེ་བ་ཡིན།

       གཉིས་པ་འཆི་བ་མི་རྟག་པ།   འདི་ལྟ་བུའི་དོན་ཆེ་ཞིང་རྙེད་དཀའ་བའི་ལུས་རྟེན་འདི་ཡང་།  མཐར་དབུགས་ཀྱི་རྒྱུ་བ་ཇེ་བྲེལ་དུ་བརྩེགས་ཤིང་།  ནང་དུ་རྔུབ་པའི་རང་དབང་མེད་པར་ནུས་པ་ཇེ་ཆུང་དུ་སོང་སྟེ།  ཚེ་ཡི་ཐ་མ་ཟད་པ་ཞིག་ཟད་པ་ཞིག་འོང་རྒྱུ་ཡིན་པ་ཐག་གིས་ཆོད།  གནས་སྐབས་དེ་ལྟ་བུ་ད་ལྟ་རང་ཡང་མི་འོང་བའི་ངེས་པ་ཅི་ཡང་མེད་པས་ན།  དུས་སྐད་ཅིག་མ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་སྙིང་པོ་ལོན་ཅི་ཐུབ་བྱའོ།།

       གསུམ་པ་ལས་རྒྱུ་འབྲས།   རང་ཅག་རྣམས་ཤི་བའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དག་གིས་བསྒྲུབས་པའི་ཕྱིར་ན།  དེ་ཡང་སྐྱེ་ས་ནི་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས།  ངན་སོང་དུ་སྐྱེས་ན་སྡུག་བསྔལ་བཟོད་གླགས་མེད་པས་ཇི་ལྟར་བྱེད།  ཅེས་འཇིགས་པའི་བློ་སྐྱེས་པ་ན།  དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ངེས་ནས།  དཀོན་མཆོག་གསུམ་པོ་གཏན་གྱི་སྐྱབས་སུ་བསྟེན།  དེའི་བསླབ་བྱའི་ནང་ནས་ལས་རྒྱུ་འབྲས་ཀྱི་ཚུལ་སེམས་པ་ནི།  བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གསུངས་པས།  བདེ་སྡུག་གི་རྒྱུ་དགེ་སྡིག་སོ་སོར་ངེས་པའི་ཚུལ་ལ་ཡིད་ཆེས་རྙེད་ནས།  སྡིག་པ་མི་དགེ་བའི་རིགས་མཐའ་དག་སྤོང་ཅི་ཐུབ་དང་།  དཀར་པོ་དགེ་བའི་ལས་ཕྲ་མོ་ཡན་ཆད་ཐམས་ཅད་འབད་པས་སྒྲུབ་དགོས་སོ།།

       བཞི་པ་འཁོར་བའི་ཉེས་དམིགས།   དེ་ལྟར་དགེ་བ་ཟག་བཅས་ཀྱི་དབང་གིས་བདེ་འགྲོ་ཙམ་ཐོབ་ནའང་།  ལས་དང་ཉོན་མོངས་སྤྱི་དང་ཁྱད་པར་བདག་འཛིན་མ་རིག་པའི་གཞན་དབང་དུ་གྱུར་ཕྱིན་ཆད་སྡུག་བསྔལ་གྱི་རྩ་བ་མི་ཆད་པས།  འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཤེས་ནས།  དེའི་རྒྱུ་ལས་ཉོན་གྱིས་བསྡུས་པའི་ཀུན་འབྱུང་སྤོང་འདོད་རྣལ་མ་སྐྱེ་བར་བྱ་ལ།  དེ་སྤངས་པའི་བྲལ་བ་མངོན་དུ་མངོན་དུ་བྱ་བའི་པྱིར།  ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བྱས་ནས།  ཞི་གནས་ཀྱི་ངང་ནས་ལྷག་མཐོང་གིས་བདག་མེད࿒པའི་དོན་བསྒོམ་པའི་ལམ་སྟེ།  ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་གཅིག་ཏུ་བསླབ་པར་བྱའོ།།

       འདི་དག་གི་གསལ་བཤད་དང་རྒྱབ་ལྗོངས་ཀྱི་རྒྱུ་མཚན་རྣམས་བྲིས་ན་ཡིག་ཚོགས་ཧ་ཅང་ཆེ་བར་འགྱུར་བས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་ཞབས་ལ་གཏུགས་ཏེ་བསླབ་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ།།


               དོན་ཚན་གཉིས་པ།   དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ།

སྔོན་འགྲོ་རྟེན་གྱི་ཆོས་འདི་དག་་གང་འཚམས་གྱི་མྱོང་བ་ཐོན་པ་ན།  འདི་ལྟར་བསམ་སྟེ།  གོང་དུ་བཤད་པའི་ལམ་ལ་ཇི་ཙམ་འབད་ཀྱང་།  སྲིད་པ་ལས་ཐར་བའི་མྱང་འདས་ཙམ་ལས་མ་འདས་པས།  རང་གཞན་གཉིས་ཀའི་དོན་ཡོངས་སུ་མ་རྫོགས།  སྒྲིབ་པ་ཡང་མ་ལུས་པ་མ་སྤངས།  ལྷག༌པར་རང་གཅིག་པུ་འཁོར་བ་ལས་གྲོལ་ནས་མ་རྒན་སེམས་ཅན་རྣམས་འདི་ལྟར་ཡལ་བར་བོར་བ་ནི།  མ་རབས།  ཐ་ཤལ།  འདི་ལས་བྱ་བ་ཐབས་སྡུག་ཅིག་གང་ཡོད་སྙམ་དུ་བསམས་ནས།  བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་འབྱུང་བས།  དེས་ན་འདི་ལ་གཉིས།

               ༡༽ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ།
               ༢༽ དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བའོ།།    

       དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ།   དེ་ལ་རྒྱུ་མཚན་མཐའ་ཡས་པའི་སྒོ་ནས་སེམས་ཅན་ཐམས་ཅད་རང༌གི་མར་ཤེས་ཤིང་།  དེའི་སྐབས་སུ་ཚེ་འདིའི་མས་ཇི་ལྟརདྲིན་གྱིས་བསྐྱངས་པ་ལྟར་བསྐྱངས་པར་བསམས་ནས།  དྲིན་དྲན་པ་དང་།  དེ་ལ་དྲན་བཟོ་བའི་བསམ་པ་ཤུགས་ཆེས་དྲངས་ཏེ།  ཡིད་འོང་གི་བྱམས་པ་བསྒོམ།  དེ་ལ་བརྟེན་ནས་བདེ་བ་ཕྲདའདོད་ཀྱི་བྱམས་པ་དང་།  སྡུག་བསྔལ་དང་བྲལ་འདོད་སྙིང་རྗེ་སྐྱ་བ་ལ་འབད།   འདི་མཚམས་ནས་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ། འདི་ཡི་བོགས་འདོན་དུགཏོང་ལེན་གྱི་དམིགས་པ་བསྐྱངས་ན་ཁྱད་ཆེ་བས་དེ་ལ་བསླབ།  དེ་ལ་བརྟེན་ནས་གཞན་དོན་ཁུར་འཁྱེར་གྱི་ལྷག་བསམ་དང་།  དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བསྐྱེད་པར་བྱ་དགོས།  དེ་འདྲ་བའི་སེམས་དམ་པ་དེ་རྒྱས་ཤིང་འཕེལ་བ་ལས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་འདོད་ཤུགས་དྲག་སྐྱེས་པ་ན།  བྱང་སྡོམ་བླངས་ཏེ་བསླབ་སྡོམ་རྣམས་ཚུལ་བཞིན་དུ་བསྲུངས་་ཤིང་།  སྤྱོད་པ་ཕྱིན་དྲུག་ལ་རིམ་པ་བཞིན་དུ་བསླབ་པར་བྱའོ།།

       གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བ།   བདག་མེད་རྣམ་པ་གཉིས་ཀྱི་དགག་བྱ་ལེགས་པར་ངོས་ཟིན་པར་བྱས་ཏེ།  རྟེན་འབྲེལ་གྱི་རིགས་པ་པ་ལ་སོགས་པའི་རིགས་པ་རྣམས་ཀྱིས་དགག་བྱ་དེ་ལེགས་པར་བཀག་ནས།  རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཆོས་རྣམས་ཀྱི་ཧནས་ལུགས་མཐར་ཐུག་ངེས་ཤིང་།  དེའི་རྗེས་སུ་ངེས་ངོར་རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་ཀུན་རྫོབ་པའི་ཆོས་རྣམས་བསྙོན་མེད་དུ་ཤར་བ་ན།  འདི་ལ་བརྟེན་ནས་སྣང་སྟོང་ཟུང་འཇུག་ཏུ་གྲུབ་པ་ཡིན་ནོ་སྙམ་མོ།།
       དེ་ཙམ་གྱིས་མ་ཚིམ་པར་རིགས་པའིརྣམ་གྲངས་མཐའ་ཡས་པའི་སྒོ་ནས་གནས་ལུགས་ཀྱི་དོན་ལ་ངེས་པ་ཤིན་ཏུ་བརྟན་པ་འདི་ཉིད་ལ།  ཞི་གནས་ཀྱི་ངང་ནས་རིགས་པའི་དཔྱད་པ་བྱས་སྟོབས་ཀྱིས་ལྷག་མཐོང་དྲངས།  དེ་ལྟ་བུའི་ཟབ་མོའི་དེ་ཁོ་ན་ཉིད་ལ་གསལ་སྣང་རིམ་གྱིས་བྱུང་སྟེ།  བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་ས་བོན་རིམ་གྱིས་སྤོང་ཞིང་།  དེ་ནས་ཤེས་སྒྲིབ་ཀྱང་རིམ་གྱིས་སྤངས་ཏེ།  མཐར་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་གོ་འཕང་དམ་པ་དེ་ཐོབ་པ་ཡིན་ནོ།།


               དོན་ཚན་གསུམ་པ།   རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར་བ།

       ད་ལྟར་སྙིགས་མ་ལྔ་ཆེས་ཆེར་དར་བས་སྐྱེ་བོ་ཕལ་མོ་ཆེ་བསམ་རྒྱུ་ཉོན་མོངས་དང་བྱ་རྒྱུ་སྡིག་པ་ལས་མེད་པ་ལྟ་བུ་དེས།  སྣོད་བཅུད་ཡོངས་རྫོགས་ཉམས་རྒུད་ཤིན་ཏུ་ཆེ་བའི་སྐབས་འདིར་རྐྱེན་ངན་ཅི་བྱུང་ཡངབྱང་ཆུབ་ཀྱི་གྲོགས་སུ་འཁྱེར་ཤེས་པ་མ་བྱུང་ན།  དལ་འབྱོར་སྟོང་ཟད་དུ་འགྲོ་ཉེན་ཤིན་ཏུ་ཆེ་བས།  བློ་རྩལ་ཅི་ཡོད་ཀྱིས་རྐྱེན་ངན་པ་ལམ་གྱི་གྲོགས་སུ་འདྲེན་ཐུབ་པ་བྱ་དགོས་ཤིན་ཏུ་གལ་ཆེའོ།།  དེས་ན་འདིར་རྐྱེན་ངན་འབྱུང་ཉེ་བ་ཁ་ཤས་ལ་བློ་སྦྱོང་བཤད་ན།

༡༽   དེ་ཡང་རྐྱེན་ངན་གང་བྱུང་ཡང་འདི་སྙམ་དུ།  རང་ཉིད་ལ་འདོད་པ་དང་མི་འདོད་པའི་སྣང་བ་གང་བྱུང་ཡང་བདེན་འཛིན་མ་རིག༌པའི་འཁྲུལ་སྣང་ཙམ་དུ་ངོས་ཟིན་ནས།  ཆགས་སྡང་མི་སྐྱེ་བར་དེ་ཐམས་ཅད་དངོས་གནས་ལ་རང་བཞིན་གྱིས་མ་གྲུབ་པར་རོ་གཅིག་པའི་ཚུལ་བསམ་ཐུབ་ན་ཤིན་ཏུ་ལེགས་པ་ཡིན་ནོ།།

༢༽   ཡང་རང་ལ་ན་ཚ་བྱུང་བ་ན།  སྡིག་པ་དགེ་སྒྲུབ་ཀྱི་བསྐུལ་མར་ཤེས་ནས།  རང་གི་ནད་དེས་སེམས་ཅན་ནད་པ་རྣམས་ཀྱི་ནད་ཀྱི་གོ་ཆོད་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་ཤིང་།  ནད་ན་ཚ་འདི་དག་གི་རྒྱུ་མི་དགེ་བ་ལ་བློ་སྡོག་ནས་ཚོགས་གསོག་སྒྲིབ་སྦྱོང་ལ་བརྩོན་པ་མི་ལྷོད་པ་བྱའོ།།

༣༽   ཡང་རྒྱུན་དུ་དགེ་སྦྱོར་ལ་བརྩོན་པ་དག་ནད་དྲག་པོས་ཟིན་པ་ན།  འདི་སྙམ་དུ།  ངས་དགེ་བ་ལ་བརྩོན་པ་འདིས།  རང་ཉིད་དམྱལ་བར་སྐྱེ་བའི་རྒྱུ་མི་དགེ་བ་དེ་དག་བླ་མ་དཀོན་མཆོག་གི་ཐུགས་རྗེས་ངན་སོང་གི་སྡུག་བསྔལ་ལ་ལྟོས་ན་ཤིན་ཏུ་ཆུང་བའི་ཚེ་འདིའི་ནད་འདི་ལྟ་བུས་དག་པར་འགྱུར་བ་ཐག་ཆོད་སྙམ་དུ་དགའ་བ་བསྒོམ་དགོས་སོ།།

༤༽   རང༌ལ་མི་གཞན་གྱིས་མི་སྙན་པའི་རིགས་བརྗོད་པའི་ཚེ།  རང་གི་སྤྱོད་པ་རྣམས་གསལ་སྟོན་བྱེད་པའི་དགེ་རྒན་དུ་བརྩིས་ཏེ།  སྤྲོ་བ་ཆེན་པོས་རང་སྐྱོན་ངོས་ལེན་བྱེད་དགོས་པ་ཡིན།

༥༽   ཡང་གཞན་ཕ་རོལ་པོས་རང་གི་རྒྱུ་ནོར་ལོངས་སྤྱོད་རྣམས་ཞི་དྲག་ཅི་རིགས་ཀྱིས་བཅོམ་པའི་ཚེ།  འདི་ལྟར་བསམ་སྟེ།  རང་གི་ཚེ་སྔ་མའི་བུ་ལོན་ཡོད་པ་དག་པ་དང་།  འབྱོར་པ་དེའི་རྐྱེན་གྱིས་རང་ལས་ཉམ་ཆུང་བ་ལ་མཐོང་ཆུང་ཁྱད་གསོད།  མཉམ་པ་ལ་འགྲན་སེམས།  ལྷག་པ་ལ་ཕྲག་དོག  །ཁྱད་པར་དུ་འབྱོར་པ་ཅན་ཡིན་ན།  རང་ལ་དགོས་ངེས་པའི་ལོངས་སྤྱོད་ཀྱི་ཚད་ལས་རྦད་དེ་བརྒལ་བ་དེས་ང་རྒྱལ་ཁེངས་དྲེགས་ཧ་ཅང་ཆེ་བ་དེ་མེད་པར་བྱས་སོང་སྙམ།

༦༽   ཡང་ཕྱི་ལོགས་ནས་རྐྱེན་དམིགས་བསལ་མེད་པར་གློ་བུར་སེམས་ནང་མི་བདེ་བ་ཆེན་པོ་བྱུང་བའི་ཚེ།  རང་གིས་སྔོན་གཞན་གྱི་སེམས་རྒྱུད་བཀྲུག་པའི་ལས་ངན་པའི་འབྲས་བུ་སྨིན་པར་ཤེས་ནས།  སྔར་བྱས་ལ་འགྱོད་པ་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཤུགས་དྲག་བསྐྱེད་དགོས་སོ།།

༧༽   ཡང་རང་གིས་ཡུན་རིང་དྲིན་གྱིས་བསྐྱངས་པའི་མི་འགའ་ཞིག  །བཀའ་དྲིན་བསམ་ཤེས་མེད་པར་དྲིན་ལན་ལོགས་འཇལ་གྱིས་བློ་ཕམ་དུ་འཇུག་པ་ན།  འདི་སྙམ་དུ།  གཞན་ལ་ཕན་ཅུང་ཟད་བཏགས་པ་ཡང་ལན་ལ་རེ་བ་དང་བཅས་པ་འདི་འདྲ་བ་ནི་ཚོང་པ་ཉོ་ཚོང་བྱེད་པ་དང་ཅིས་མི་འདྲ།  དེ་ལ་ནི་ཕན་འདོགས་པའི་མིང་ཡང་འཐོབ་དཀའ་བས།  བསམ་པ་ཐག་པ་ནས་ཕན་བཏགས་པ་ཡིན་ན།  དེས་ཚུར་དྲིན་ལན་གཞལ་ཅི་དགོས་སྙམ་དུ་བསམ་དགོས་པ་ཡིན།

༨༽  ཡང་རང་གི་བློས་ཐུབ་ཀྱི་གྲོགས་པོས་མགོ་སྐོར་བསླུ་བྲིད་བྱེད་པ་བྱུང་བའི་ཚེ།  འདི་ལྟར་བསམ་སྟེ།  འཁོར་བའི་ཆོས་ལ་རྟག་ཅིང་བརྟན་པ་འགྱུར་བ་མེད་པ་ཡིན་པའི་ཡིད་ཆེས་ལོག་པ་འདིས་ལེན།  ཁམས་གསུམ་འཁོར་བ་གང་དུ་སྐྱེ་ཡང་ལས་ཉོན་གྱི་སྐྱེ་བ།  གྲོགས་སུ་དང་འགྲོགས་ཀྱང་ལས་ཉོན་གྱིས་གྲོགས་མཆེད་ལས་མ་འདས་སྙམ་སྟེ།  འཁོར་བ་ལ་ངེས་འབྱུང་དང་།  རང་དང་འདྲ་བ་ལས་ཉོན་གྱིས་བཅིངས་པ་དེ་དག་ལ་སྙིང་རྗེའི་བསམ་པ་སྦྱང་བ་གནད་དུ་ཆེའོ།།

༩༽   མདོར་ན་འཕུང་འདྲེན་ཐམས་ཅད་ཀྱི་རྩ་བ་རང་གཅེས་འཛིན་འདིས་བྱས་པའིཕྱིར་ན།  ལེ་ལན་གཞན་ལ་བགྲང་དུ་མི་འདུག་པས།  གཞན་སྐྱོན་དུ་སྣང་བ་རྣམས་ཀྱང་རང་གི་སྐྱོན་དུ་ངོས་འཛིན་ཐུབ་པ་དགོས་སོ།།

       འདིར་བཀོད་པ་དག་ནི་ཆེ་ལོང་ཙམ་ཡིན་པས།  ཞིབ་པར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར་ཚུལ་ལ་སློབ་པ་ནི།  ཉོན་མོངས་སྙིགས་མ་ཆེས་དར་བས།  འདུ་འཛི་ཟང་ཟིང་ཡོ་ལང་ཤིན་ཏུ་ཆེ་བའི་གནས་སྐབས་འདིར་དོན་ཆེན་པོ་ལས་ཉམས་པའི་གཉེན་པོ་དྲག་ཤོས་སུ་ཤེས་པར་བྱའོ།།


               དོན་ཚན་བཞི་པ།   ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།

       འདི་ལ་གཉིས།

               ༡༽  ཚེ་གང་པོའི་ཉམས་ལེན་བསྟན་པ།
               ༢༽  འཆི་ཁའི་ཉམས་ལེན་བསྟན་པའོ།།

       དེ་ཡང་ཚེ་གང་པོའི་ཉམས་ལེན་རྣམས་སྟོབས་ལྔའི་ནང་དུ་བསྡུས་པ་ཡིན།  སྟོབས་ལྔ་ནི།

               ༡༽  འཕེན་པའི་སྟོབས།
               ༢༽  གོམས་པའི་སྟོབས།
               ༣༽  དཀར་པོ་ས་བོན་གྱི་སྟོབས།
               ༤༽  རྣམ་པར་སུན་འབྱིན་པའི་སྟོབས།
               ༥༽  སྨོེན་ལམ་གྱི་སྟོབས་སོ།།

       དང་པོ་འཕེན་པའི་སྟོབས།   དེང་ནས་བཟུང་སྟེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དང་།  ལྷག་པར་དེ་རིང་གི་དུས་སུ་ཁས་བླངས་པའི་ཚུལ་ཁྲིམས་ཉམས་པ་མེད་པར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་བྱ་སྙམ་དུ་བློས་འཕེན་པ་གཏོང་བའོ།།

       གཉིས་པ་གོམས་པའི་སྟོབས།   བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཐུན་དང་ཐུན་མཚམས་ཀུན་ཏུ་སྦྱོང་བའོ།།

       གསུམ་པ་དཀར་པོ་ས་བོན་གྱི་སྟོབས།   བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མ་སྐྱེས་པ་སྐྱེ་བ་དང་།  སྐྱེས་པ་གོང་དུ་འཕེལ་བའི་ཕྱིར་དུ་ཚོགས་གསོག་སྒྲིབ་སྦྱོང་ལ་གཅིག་ཏུ་བརྩོན་པའོ།།

       བཞི་པ་རྣམ་པར་སུན་འབྱིན་པའི་སྟོབས།   རང་གཅེས་པར་འཛིན་རྒྱུའི་རང་འདི་ཡང་བརྟག་ན་གང་དུ་ཡང་གཟུང་དུ་མེད་ཀྱང་།  དེ་ལྟར་མི་ཤེས་པས་བདག་གཅེས་པར་འཛིན་པའི་དབང་གིས་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པར་འདུག་པས།  ད་ནས་བཟུང་དུས་ནམ་ཡང་བདག་གཅེས་པར་འཛིན་གྱི་དབང་དུ་མི་འགྲོ་བར་བྱ་སྙམ་པའི་འདུན་པ་ཤུགས་དྲག་བྱ་བའོ།།

       ལྔ་པ་སྨོེན་ལམ་གྱི་སྟོབས།   རང་གི་དགེ་བ་ཅི་བསགས་པ་རྣམས་ཚེ་འདི་དང་།  འཆི་ཁ།  བར་དོ།  སྐྱེ་བ་ཕྱི་མ་ཐམས་ཅད་དུ་བྱམས་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྒོམ་པ་དང་མ་བྲལ་བའི་རྒྱུར་འགྲོ་བར་ཤོག  །ཅེས་སྨོན་ལམ་ཤུགས་དྲག་འདེབས་པའོ།།


       གཉིས་པ་འཆི་ཁའི་ཉམས་ལེན་ནི།   འདིའི་སྐབས་སྟོབས་ལྔའི་ཉམས་ལེན་ལ་བསླབ་པ་ནི་ཤིན་ཏུ་གལ་ཆེའོ།།  འདི་ལ་ལྔ།

               ༡༽ དཀར་པོ་ས་བོན་གྱི་སྟོབས།
               ༢༽ སྨོེན་ལམ་གྱི་སྟོབས།  
               ༣༽ རྣམ་པར་སུན་འབྱིན་པའི་སྟོབས།  
               ༤༽ འཕེན་པའི་སྟོབས།  
               ༥༽ གོམས་པའི་སྟོབས་སོ།།  

       དང་པོ་དཀར་པོ་ས་བོན་གྱི་སྟོབས།   རང་ཉིད་འཆི་བར་ཐག་ཆོད་པ་ན།  རང་གི་ཡོ་བྱད་ཐམས་ཅད་བླ་མ་དཀོན་མཆོག་ལ་མཆོད་པ་དང་།  ཉམ་ཐག་ལ་སྦྱིན་གཏོང་སོགས་ཀྱི་སྒོ་ནས་བསོད་ནམས་རྒྱ་ཆེ་སར་བཏང་ལ།  གཉེན་ཉེ་དུ་ལུས་ལོངས་སྤྱོད་གང་ལ་ཡང་ཆགས་ཞེན་མེད་པར་བྱའོ།།

       གཉིས་པ་སྨོེན་ལམ་གྱི་སྟོབས།   བླ་མ་དཀོན་མཆོག་ལ་ཡན་ལག་བདུན་པ་སྔོན་དུ་བཏང་སྟེ།  འདི་ནས་འཆི་སེམས་ཕྲ་མོ་ཚུན་ཆད།  བར་དོའི་གནས་སྐབས།  ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྦྱོང་བར་བྱིན་གྱིས་བརླབ་ཏུ་གསོལ།  ཞེས་གསོལ་བ་དང་སྨོན་ལམ་རྩེ་གཅིག་ཏུ་འདེབས་པའོ།།

       གསུམ་པ་རྣམ་པར་སུན་འབྱིན་པའི་སྟོབས།   བདག་གཅེས་འཛིན་འདིས་ད་ལྟའི་བར་དུ་བདག་ཉིད་འཕུང་ལ་སྦྱར།  ད་དུང་ཡང་འདི་ལ་བློས་བཀལ་ན་འཕུང་འདྲེན་ཐམས་ཅད་ཀྱི་སྣེ་འདྲེན་པར་འདུག  །བརྟག་ན་ནི་ལུས་སེམས་གང་ལ་ཡང་བདག་ཏུ་བཟུང་རྒྱུ་ཅི་ཡང་མི་འདུག  །ཅེས་ཤེས་པར་བྱ་ལ་བདག་གཅེསའཛིན་གྱིས་དབང་དུ་འགྲོ་བ་འགོག་ཅི་ཐུབ་བྱ།

       བཞི་པ་འཕེན་པའི་སྟོབས།   ངས་འཆི་ཁར་མ་ཟད་བར་དོའི་གནས་སྐབས་སུ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྦྱང་བར་བྱའོ།།  སྙམ་དུ་འདུན་པ་དྲག་པོ་ཡང་ཡང་གཏོང་བའོ།།

       ལྔ་པ་གོམས་པའི་སྟོབས།   བདག་གཅེས་འཛིན་སྐྱེ་གྲབས་བྱེད་པ་ན་སྐྱེ་རུ་མ་བཅུག་པར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྩེ་གཅིག་ཏུ་བསྒོམ་པའོ།།

       དེ་ནས་འཆི་བར་ཕྱོགས་པ་ན་སྔོན་ཐུབ་པའི་དབང་པོ་གྲོང་ཁྱེར་རྩ་ཅན་དུ་མྱ་ངན་ལས་འདའ་ཚུལ་ལྟར་གྱི་སྤྱོད་ལམ་ལ་གནས་ནས།  བཤད་མ་ཐག་པའི་སྟོབས་ལྔའི་སྒོ་ནས་འཆི་འཕོ་ཐུབ་དགོས་པ་ཡིན།  འོན་ཀྱང་དེ་ལྟ་བུ་ད་ལྟ་ནས་རང་ལ་ལག་ལེན་དང་ཉམས་མྱོང་ཅི་ཡང་མེད་པར།  འཆི་ཁར་གསར་དུ་སྐྱེ་རྒྱུ་ཤིན་ཏུ་དཀའ་བས་ད་ལྟ་ནས་སེམས་ཀྱི་ནང་གྲ་སྒྲིག་ཅིག་ངེས་པར་དགོས་སོ།།


               དོན་ཚན་ལྔ་པ།   བློ་འབྱོངས་པའི་ཚད།

       སྔོན་འགྲོ་དང་དངོས་གཞི་གང་གི་སྐབས་ཡིན་ཡང་།  ལམ་དེ་དང་དེའི་ཕྱིན་ཅི་ལོག་གི་འཛིན་པ་མངོན་གྱུར་ལོག་ནས།  དེ་དང་དེའི་ཕྱིན་ཅི་མ་ལོག་པའི་རྟོགས་པ་ངང་གིས་སྐྱེ་བ་ཞིག་བྱུང་བ་ན།  ལམ་དེ་དང་དེ་ལ་བློ་འབྱོངས་པ་ཡིན་ནོ།།  དཔེར་ན་དལ་འབྱོར་དོན་ཆེ་རྙེད་དཀའ་ལྟ་བུ་ལ་མཚོན་ན།  ཚེ་འདི་སྣང་གི་ཞེན་པ་ཤུགས་ཆེ་ཡོད་པ་ལོག་ཅིང་།  ཚེ་འདི་དོན་མེད་ཆུད་ཟོས་སུ་ཕྱིན་པ་ཕངས་ནས་སྙིང་པོ་ལེན་འདོད་ངང་གིས་སྐྱེས་པ་ན།  དེ་ལ་བློ་འབྱོངས་པ་ལྟ་བུའོ།།  དེ་ལྟ་བུའི་ཚུལ་གྱིས་བློ་འབྱོངས་པ་ན།  ད་དུང་རྩོལ་བ་མ་བཏང་བར་གོང་འཕེལ་དུ་འགྱུར་བ་ལ་འབད་དགོས་སོ།།


               དོན་ཚན་དྲུག་པ།   བློ་སྦྱོང་གི་དམ་ཚིག

       བློ་སྦྱོང་གི་དམ་ཚིག་རྣམས་རེ་རེ་བཞིན་སྨོས་ན་ཧ་ཅང་མངས་པར་འགྱུར་བས།  སྤྱི་དོན་གསུམ་ལ་སོགས་པའི་དམ་ཚིག་བཅོ་བརྒྱད་ཡོད་པ་ཏྣམས་དགེ་བའི་བཤེས་གཉེན་གྱི་ཞལ་ལས་གཉེན་པར་རིགས་སོ།།


               དོན་ཚན་བདུན་པ།   བློ་སྦྱོང་གི་དབསླབ་བྱ།

       འདི་ལ་བསླབ་བྱ་ཉི་ཤུ་རྩ་གཉིས་ལ་སོགས་པ་མང་དུ་ཡོད་ཀྱང་།  ཕྱོགས་གཅིག་ཏུ་བསྒྲིལ་ན་རང་གི་སྒོ་གསུམ་གྱི་བྱ་བ་གང་བྱས་ཀྱང་ཚེ་འདི་དང་ཕྱི་མའི་སྣང་ཞེན་གང་དུ་ཡང་མ་བཏོང་བར།  བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཉམས་ལེན་གྱི་མཐིལ་དུ་བྱེད་པ་ལ་བསླབ་དགོས་པ་ཡིན་ནོ།།

       དེ་ལྟར་ཐེག་ཆེན་བློ་སྦྱོང་གི་དོན་ཚན་བདུན་པོ་ཅུང་ཟད་བཤད་པ་འདི་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་གིས།  དེང་སྐབས་ན་གཞོན་སློབ་གྲྭ་བའི་ཁྲོད་ནང་ཆོས་ལ་དོ་དབྱིངས་འཕེལ་བཞིན་པ་དང་བསྟུན་༧རྒྱལ་བའི་འཕྲིན་ལས་ཞོགས་འདེགས་སུ་འགྱུར་ཡང་སྲིད་སྙམ་དུ་ཕྲན་ཤྲཱི་མིང་པས་ལྷག་བསམ་དང་གཞན་ཕན་གྱི་བསམ་པས་དྲངས་ཏེ་སྦྱར་བ་ལགས་སོ།།     །།

No comments:

Post a Comment